YouVersion Logo
Search Icon

མད་ཐཱ། 1

1
ལེའུ་དང༌པོ།
སྐྱབས་མགོན་ཡེ་ཤུའི་གདུང༌རྒྱུད།
1དེ་ཡང་ཡེ་ཤུ་མཱ་ཤི་ཀ་ནི་དཱ་བིད་དང་ཨབ་ར་ཧམ་གྱི་རིགས་སྲས་ཡིན༌ཞིང༌། ཁོང་གི་གདུང་རྒྱུད་ནི་འདི་ལྟ༌སྟེ། 2ཨབ་ར་ཧམ་ལས་ཨི་སཱག་མཆེད༌ཅིང༌། ཨི་སཱག་ལས་ཡ་ཀོབ༌མཆེད། ཡ་ཀོབ་ལས་ཡ་ཧུ་དཱ་དང་དེའི་སྤུན་རྣམས་མཆེད༌དོ།། 3ཡ་ཧུ་དཱའི་བུ་ཕེ་རེལ་ཟི་དང་ཟེ་རག་གཉིས་ནི་ཐལ་མཱར་ལས་མཆེད༌ཅིང༌། ཕེ་རེལ་ཟི་ལས་ཧེས་རོན༌མཆེད། ཧེས་རོན་ལས་རཱམ༌མཆེད། 4རཱམ་ལས་ཨ་མི་ནཱ་དབ༌མཆེད། ཨ་མི་ནཱ་དབ་ལས་ནཱ་སོན༌མཆེད། ནཱ་སོན་ལས་སཱལ་མོན༌མཆེད། 5སཱལ་མོན་གྱི་བུ་པཱོ་ཨ་ཟི་ནི་རཱ་ཧབ་ལས༌མཆེད། པཱོ་ཨ་ཟིའི་བུ་ཨོ་བེད་ནི་རུ་ཐི་ལས༌མཆེད། ཨོ་བེད་ལས་ཡེ་སེ༌མཆེད། 6ཡེ་སེ་ལས་རྒྱལ་པོ་དཱ་བིད༌མཆེད། དཱ་བིད་ཀྱི་སྲས་སོ་ལོ་མོན་ནི་ཨུ་རི་ཡཱའི་ཆུང་མ་ལས༌མཆེད། 7སོ་ལོ་མོན་ལས་རེ་ཧབ་ཨམ༌མཆེད། རེ་ཧབ་ཨམ་ལས་ཨ་བི་ཡཱ༌མཆེད། ཨ་བི་ཡཱ་ལས་ཨ་སཱ༌མཆེད། 8ཨ་སཱ་ལས་ཡེ་ཧོ་ཤ་ཕད༌མཆེད། ཡེ་ཧོ་ཤ་ཕད་ལས་ཡོ་རཱམ༌མཆེད། ཡོ་རཱམ་ལས་ཨུ་ཟི་ཡཱ༌མཆེད། 9ཨུ་ཟི་ཡཱ་ལས་ཡོ་ཐམ༌མཆེད། ཡོ་ཐམ་ལས་ཨ་ཧ་ཟཱ༌མཆེད། ཨ་ཧ་ཟཱ་ལས་ཧི་ཟི་ཀི་ཡཱ༌མཆེད། 10ཧི་ཟི་ཀི་ཡཱ་ལས་མཱ་ན་ཤེ༌མཆེད། མཱ་ན་ཤེ་ལས་ཨ་མོན༌མཆེད། ཨ་མོན་ལས་ཡོ་ཤི་ཡཱ༌མཆེད། 11པཱ་པེལ་ལོན་དུ་བཙན་ཁྲིད་བྱེད་པའི་དུས༌སུ། ཡོ་ཤི་ཡཱ་ལས་ཡེ་ཀོན་ཡཱ་དང་དེའི་ནུ་བོ་རྣམས་མཆེད༌དོ།།
12པཱ་པེལ་ལོན་དུ་བཙན་ཁྲིད་བྱས༌རྗེས། ཡེ་ཀོན་ཡཱ་ལས་ཞིད་ཨལ་ཐེ་ཨེལ་མཆེད༌ཅིང༌། ཞིད་ཨལ་ཐེ་ཨེལ་ལས་ཟེ་རུ་པཱ་པེལ༌མཆེད། 13ཟེ་རུ་པཱ་པེལ་ལས་ཨ་བི་ཧུད༌མཆེད། ཨ་བི་ཧུད་ལས་ཨེལ་ཡ་ཀིམ༌མཆེད། ཨེལ་ཡ་ཀིམ་ལས་ཨ་ཟོར༌མཆེད། 14ཨ་ཟོར་ལས་ཟཱ་ཏོག༌མཆེད། ཟཱ་ཏོག་ལས་ཨ་ཀིམ༌མཆེད། ཨ་ཀིམ་ལས་ཨེ་ལི་ཧུད༌མཆེད། 15ཨེ་ལི་ཧུད་ལས་ཨེ་ལི་ཨ་ཟར༌མཆེད། ཨེ་ལི་ཨ་ཟར་ལས་མད་ཐན༌མཆེད། མད་ཐན་ལས་ཡ་ཀོབ༌མཆེད། 16ཡ་ཀོབ་ལས་ཡོ་སེབ་མཆེད་ཅིང་ཁོ་ནི་མིར་ཡམ་གྱི་ཁྱོ་བོ༌ཡིན། མཱ་ཤི་ཀ་ཞེས་གྲགས་པའི་སྐྱབས་མགོན་ཡེ་ཤུ་ནི་མིར་ཡམ་ལས་སྐུ་འཁྲུངས་པ་ཡིན༌ནོ།།
17དེའི༌ཕྱིར། ཨབ་ར་ཧམ་ནས་དཱ་བིད་ཀྱི་བར་དུ་གདུང་རབས་བཅུ་བཞི༌དང༌། དཱ་བིད་ནས་ཡ་ཧུ་དཱ་པ་རྣམས་པཱ་པེལ་ལོན་ལ་བཙན་ཁྲིད་བྱས་པའི་བར་དུ་གདུང་རབས་བཅུ་བཞི་ཡོད་པ༌དང༌། པཱ་པེལ་ལོན་དུ་བཙན་ཁྲིད་བྱས་པ་ནས་སྐྱབས་མགོན་མཱ་ཤི་ཀའི་བར་ལའང་གདུང་རབས་བཅུ་བཞི་ཡོད༌དོ།།
སྐྱབས་མགོན་ཡེ་ཤུ་སྐུ་འཁྲུངས༌པ།
18ཡེ་ཤུ་མཱ་ཤི་ཀ་སྐུ་འཁྲུངས་པའི་ལོ་རྒྱུས་ནི་འདི་ལྟ༌སྟེ། ཁོང་ཉིད་ཀྱི་ཡུམ་མིར་ཡམ་ནི་ཡོ་སེབ་དང་གཉེན་རྟགས་བརྒྱབ་ཡོད༌ཅིང༌། ཁོ་གཉིས་ཀྱི་བར་དུ་ཕོ་མོའི་ལུས་མ་འབྲེལ་བའི་སྔོན༌ལ། མིར་ཡམ་ལ་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་མངལ་སྦྲུམ་པར་གྱུར༌ཏོ།། 19ཁོ་མོའི་ཁྱོ་བོ་ཡོ་སེབ་ནི་མི་གཞུང་དྲང་ཞིག་ཡིན༌པས། མི་ཚོགས་ཀྱི་མདུན་དུ་ཁོ་མོ་ངོ་གནོང་བར་བྱེད་མ་འདོད༌དེ། ལྐོག་ནས་ཁོ་མོ་དང་འཐོར་བར་བྱ་བསམས་པ༌ཡིན། 20ཁོས་དེ་ལྟར་བསམས་པའི༌ཚེ། གཙོ་བོའི་ཕོ་ཉ་ཞིག་ཁོའི་རྨི་ལམ་དུ་བྱུང་སྟེ་འདི་སྐད༌དུ། ཀྱེ། དཱ་བིད་ཀྱི་རིགས་རྒྱུད་ཡོ༌སེབ། མིར་ཡམ་གྱི་མངལ་དུ་ཆགས་པ་ནི་དམ་པའི་ཐུགས་ཉིད་ནས་བྱུང་བ་ཡིན༌པས། ཁོ་མོ་ཁྱོད་ཀྱི་ཆུང་མར་ལེན་པ་ལ་མ་འཇིགས༌ཤིག 21ཁོ་མོར་སྲས་ཤིག་འཁྲུངས་པར་འགྱུར༌ཞིང༌། ཁོང་གིས་རང་གི་མི་རྣམས་སྡིག་པ་ལས་སྐྱོབ་པར་འགྱུར༌བས། ཁྱོད་ཀྱིས་ཁོང་གི་མཚན་ལ་ཡེ་ཤུ་ཞེས་ཐོགས་ཤིག་ཅེས་གསུངས༌སོ།།
22དོན་འདི་ཐམས་ཅད་ནི་གཙོ་བོས་ལུང་སྟོན་པ་བརྒྱུད་ནས་འདི་སྐད༌དུ། 23ལྟོས༌དང༌། ན་ཆུང་བུ་མོ་ཞིག་ལ་མངལ་སྦྲུམ་སྟེ་སྲས་ཤིག་འཁྲུངས་ངེས༌ཤིང༌། མི་རྣམས་ཀྱིས་ཁོང་གི་མཚན་ལ་ཨིམ་མཱ་ནུ་ཨེལ་ཞེས་འབོད་པར་འགྱུར་ཞེས་གསུངས་པ་དེ་འགྲུབ་པའི་ཕྱིར་དེ་ལྟར༌བྱུང༌། ཨིམ་མཱ་ནུ་ཨེལ་ཞེས་པ་ནི་དཀོན་མཆོག་བདག་ཅག་དང་མཉམ་དུ་བཞུགས་པ་ཡིན་ཞེས་པའི་དོན༌ནོ།།
24དེ་ནས་ཡོ་སེབ་གཉིད་ལས་སད་པ་དང་ཡར་ལངས༌ནས། གཙོ་བོའི་ཕོ་ཉས་རང་ལ་བཀའ་གནང་བ་དེ་བཞིན་དུ་མིར་ཡམ་རང་གི་ཆུང་མར་བླངས༌ཤིང༌། 25སྲས་མ་འཁྲུངས་པའི་བར་དུ་ཁོ་མོ་དང་ལུས་འབྲེལ་མ་བྱས༌ལ། སྲས་དེ་སྐུ་འཁྲུངས་རྗེས་མཚན་ལ་ཡེ་ཤུ་ཞེས་བཏགས༌སོ།།

Currently Selected:

མད་ཐཱ། 1: NTB

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in

YouVersion uses cookies to personalize your experience. By using our website, you accept our use of cookies as described in our Privacy Policy